༢༠༡༧ ལོའི་ཝིར་ཇི་ནེ་ཡཱ་སློབ་ཆེན་བོད་ཀྱི་ཁེ་ལས་འཛུགས་གཉེར་སློབ་སྦྱོང་ལས་གཞི།

ལས་གཞའི་གསལ་བསྒྲགས་ཡི་གེ།

རེ་ཞུའི་དུས་བཀག ༢༠༡༦ ལོའི་ཟླ ༡༠ ཚེས ༢༢ །

ལས་གཞི་ངོ་སྤྲོད།

ཨ་རིའི་ཝིར་ཇི་ནེ་ཡཱ་སློབ་ཆེན་གྱི་བོད་ཀྱི་ལས་སྒོ་འཛུགས་གཉེར་སློབ་མའི་ཟབ་སྦྱོང་ལས་གཞིས་ཨ་རི་དང་ཀྲུང་གོའི་དབར་གྱི་སློབ་གསོའི་བརྗེ་རེས་བརྒྱུད་དེ་བོད་ཀྱི་གཉེར་བཞིན་པ་དང་གཉེར་འགོ་ཚུགས་བཞིན་པའི་ལས་སྒོ་འཛུགས་གཉེར་པ་དག་གི་འཇོན་ནུས་མཐོར་འདེགས་གཏོང་བ་དེ་ཡིན། སློབ་སྦྱོང་འདི་ནང་སྒོས་སུ་བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་པའི་ལས་སྒོ་འཛུགས་གཉེར་བ་དག་ལ་དམིགས་ཡོད། སློབ་ཁྲིད་ཆ་ཚང་དབྱིན་སྐད་ཀྱིས་སྤེལ་བས་དབྱིན་སྐད་ཀྱི་ཆུ་ཚད་བཟང་བ་གལ་ཆེ། གཟའ་འཁོར་དྲུག་རིང་ལ་ཨ་རི་ནས་སྤེལ་བའི་སློབ་སྦྱོང་ལ་ནང་དོ་སྣ་ཁ་བཞི་ཡོད་པ་གཤམ་གསལ་ལྟར།

  • ལས་སྒོ་འཛུགས་གཉེར་གྱི་ནུས་པའི་ཟབ་སྦྱོང་སློབ་ཐུན།
  • ཁེ་ལས་ཀྱི་རྩ་བའི་འཇོན་ནུས་དགོས་མཁོ་ཟབ་སྦྱོང་སློབ་ཐུན།
  • ཁེ་ལས་གནད་དོན་མི་འདྲ་བ་ལ་ཆེད་དམིགས་ཀྱིས་བགྲོ་གླེང་དང་བློ་འདྲིའི་སློབ་ཐུན་སྤེལ་བ།
  • ཨ་མི་རི་ཁའི་ཁེ་ལས་པ་དང་དགེ་སློབ་རྣམ་པའི་སློབ་སྦྱོང་བྱེད་པ།

ཨ་རིའི་ལས་རིམ་ལ་ཞུགས་མཁན་ཚོ་བོད་ཡུལ་ཀྱི་བཙུགས་ཟིན་པའམ་འཛུག་བཞིན་པའི་བོད་ཁམས་ཀྱི་ཁེ་ལས་སྣ་ཚོགས་ནས་ཡོང་བ་ཡིན་ཏེ། དཔེར་ན། ཡུལ་སྐོར་ལྗོངས་རྒྱུ། ཚོང་ལས་ཆུང་བ། རོལ་མོ། སློབ་གསོ། གསོ་རིག་སོགས་བཅས་ཡིན་ལ། རང་ཉིད་ཀྱི་སྤྲོ་བ་དང་ཚོང་ལས་ཁ་ཕྱོགས་དང་བསྟུན་ནས། ཚོགས་ཞུགས་མི་སྣས་སྣ་འཛོམས་རང་བཞིན་གྱི་སྤྱི་ཚོགས་ཁེ་ལས་ལ་སློབ་སྦྱོང་བྱས་ཏེ། བོད་རང་གི་ཁེ་ལས་ཀྱི་རང་ལུགས་ལྟར་རང་སོ་སོའི་ཁེ་ལས་ཀྱི་ནུས་པ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བར་སློབ་སྦྱོང་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཡོད་པ་བཅས་སོ། །

 

ཚོགས་ཞུགས་མི་སྣའི་ཆ་རྐྱེན།

ལས་རིམ་འདིར་རེ་ཞུ་བྱེད་པའི་ཆ་རྐྱེན་ནི་ཀྲུང་གོ་རྒྱལ་ཁབ་ན་ཡོད་པའི་བོད་པ་ཡིན་དགོས་པ་དང་། ད་ལྟ་ཁེ་ལས་གཉེར་བཞིན་པའམ་ཡང་ན་རྗེས་སོར་ཚོང་ལས་གསར་གཉེར་ལ་སྤྲོ་བ་ཡོད་མཁན་གྱི་མི་སྣ། ལྷག་པར་དུ་ཁེ་ལས་ནི་དངུལ་སྒོར་གྱི་ཁེ་སྤོགས་ལེན་ཐབས་ཁོ་ན་ལ་མི་སྣང་བར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་འཇོག་ཐུབ་འདོད་ཅིང་། བོད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པར་མོས་པའི་ཁེ་ལས་པ་ལྷག་བསམ་ཅན་ནི་ང་ཚོས་དམིགས་བསལ་གྱི་དགའ་བསུ་བྱེད་ཡུལ་ཡིན།

ལས་གཞིའི་དུས་ཡུན། གཟའ་འཁོར་དྲུག་གི་རིང་། ༼ཕལ་ཆེར་༢༠༡༧ ལོའི་ཟླ ༡ ཚེས་༡༦་ ནས་ཟླ ༢ ཚེས༢༤ ཉིན་བར།༽

ལས་སྒྲུབ་ས་གནས། ཨ་རིའི་ཝི་ཇི་ནེ་ཡཱ་སློབ་ཆེན།

ལས་གཞིའི་འགྲོ་སོང་། ཀྲུང་གོ་ནས་ཨ་རིའི་བར་གྱི་ཕར་ཚུར་འགྲིམ་འགྲུལ་དང་མགྲོན་ཁང་སོགས་འགྲོ་སོང་ཡོད་ཚད་ཝིར་ཇི་ནེ་ཡཱ་སློབ་ཆེན་ནས་འགན་ཁུར་རྒྱུ་ཡིན།

ལས་གཞིའི་བྱེད་སྒོའི་ཐད་ལ། བོད་ཀྱི་ཁེ་ལས་སྐོར་གྱི་སློབ་ཁྲིད་ལ་ཞུགས་རྒྱུ་དང་། ཚོང་ལས་སློབ་ཁྲིད། གསོ་སྦྱོང་འཛིན་གྲྭ། ཡུལ་དངོས་རྟོག་དཔྱོད་ལ་ཞུགས་རྒྱུ།

 

ལས་གཞིའི་སྔོན་དཔག་གྲུབ་འབྲས།

ལས་རིམ་མཇུག་བསྡུ་བའི་སྐབས་སུ། ཚོགས་ཞུགས་མི་སྣས་གཤམ་གྱི་ནང་དོན་དག་ལ་སློབ་སྦྱོང་བྱས་ཡོད་པ།

  • སྤྱི་ཚོགས་ཁེ་ལས་ཀྱི་གོ་དོན་དང་ལག་ལེན་སྐོར།
  • ཚོང་ལས་ཀྱི་འཆར་གཞི་འགོད་སྟངས།
  • གསར་སྒྲུབ་ཁེ་ལས་ཀྱི་དོ་དམ་གོང་འཕེལ་དུ་གཏོང་བའི་ཐབས་ལམ།
  • འཛད་སྤྱོད་པའི་དགོས་མཁོ་ལ་དཔྱད་ཞིབ་བྱེད་པའི་ཐབས་ལམ།
  • རྩ་འཛུགས་དོ་དམ་དང་བཀོད་འདོམས་ཐད་ཀྱི་ཉམས་མྱོང་།
  • འབྲེལ་བ་དང་ཁྱབ་བསྒྲགས། ཚོང་འགྲེམ་གྱི་་ནུས་པ་མཐོར་འདེགས་སུ་གཏོང་ཐབས།
  • མ་དངུལ་བསྡུ་བ་དང་འགལ་ཟླ་འདུམ་སྒྲིག ནོར་སྲིད་དོ་དམ་ལག་ལེན་མཐའ་འཁྱོལ་བྱེད་ཐབས།
  • སྔོན་རྩིས་བཟོ་ཐབས་ཡར་ཐོན་གཏོང་བ།

ཚོགས་ཞུགས་མི་སྣས་ཨ་རིའི་ཁེ་ལས་པ། སློབ་གསོ་པ་དང་སློབ་མ་བཅས་དང་མཉམ་དུ། གཞི་རྒྱ་ཆེ་བའི་སྒོ་ནས་སྤྱི་ཚོགས་འབྲེལ་ལམ་དང་། ཚོས་ལས་མཉམ་འབྲེལ་གྱི་འབྲེལ་བ་དམ་པོ་འཛུགས་རྒྱུ་བཅས་སོ།

 

རེ་ཞུ་བྱེད་སྟངས།

དྲ་གནས་ www.tibetanentrepreneurs.com སྒོ་ཕྱེ་ནས་སྐད་གསུམ་ཤན་སྦྱར་གྱི་རེ་ཞུའི་རེའུ་མིག་ཕབ་ལེན་བྱོས། རེའུ་མིག་ཆ་ཚང་ཁ་སྐོང་བྱས་རྗེས་ཡིག་སྒམ་འདི་རུ་བསྐུར་རྒྱུ་མཁྱེན། apply@tibetanentrepreneurs.com

ཉིད་ལ་དོགས་གཞི་དང་དྲི་བ་གང་རུང་ཡོད་ཚེ། ཝིར་ཇི་ནེ་ཡཱ་སློབ་ཆེན་གྱི་རཀྲུང་གོའི་དབུ་འཛིན་པ་ཚེ་དཔག་ལ་འབྲེལ་གཏུག་བྱེད་རོགས། ཡིག་སྒམ། info@tibetanentrepreneurs.com ཁ་པར་ཨང་གྲངས། ༡༣༥༤༠༨༧-༡༡༢༢

རེ་ཞུ་མི་སྣར་ངེས་པར་ཚང་དགོས་པའི་ཆ་རྐྱེན།

  • དབྱིན་ཡིག་གི་འབྲི་ཀློག་གི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས།
  • མ་མཐའ་བོད་སྐད་གཙང་དག་བཤད་ཐུབ་པ།༼ཡུལ་སྐད་གང་རུང་།༽
  • ཚོང་ལས་ཀྱི་རྒྱབ་ལྗོངས་སམ་ཡང་ན་ཚོང་འཛུགས་འཆར་གཞི་ཡོད་པ།
  • མི་རིགས་བོད་ཡིན་དགོས།
  • ཕྱི་སྐྱོད་ལམ་ཡིག་ཡོད་པ།༼ཡང་ན་མྱུར་དུ་ལམ་ཡིག་ལེན་ཐུབ་པ།༽

 

རེ་ཞུའི་དུས་ཚོད།

  • རེ་ཞུ་བྱེད་པའི་དུས་ཡུན། ༢༠༡༦ ལོའི་ཟླ ༩ ཚེས ༢༧ ནས་ཟླ ༡༠ ཚེས ༢༢ བར།རེ་ཞུའི་དུས་བཀག ༢༠༡༦ ལོའི་ཟླ ༡༠ ཚེས ༡༦ ཡིན་མོད་ཟླ་༡༠ པའི་ཚེས་༢༢ བར་དང་ལེན་བྱེད།
  • རེ་ཞུ་བརྟག་ཞིབ་དང་ངོ་རྒྱུགས། ༢༠༡༦ ལོའི་ཟླ ༡༠ ཚེས ༣ ནས་ ༢༠༡༦ལོའི་ཟླ ༡༡ ཚེས ༡༡ བར།
    མི་བབས་སྤྱན་ཞུ་བྱ་ཡུལ་ནི་རེ་འདུན་ཞུ་མཁན་ཁ་ཤས་མ་གཏོགས་ཚང་མར་མེད།
  • ཚོགས་ཞུགས་གདམས་ཐོན་ཐག་གཅོད་ཉིན། ༢༠༡༦ལོའི་ཟླ ༡༡ ཚེས ༡༤ །

རེ་ཞུའི་དུས་བཀག་ནི་སྤྱི་ཟླ་༡༠ པའི་ཚེས ༡༦ ཡིན་མོད་ཟླ་ ༡༠ པའི་ཚེས་༢༢ བར་ང་ཚོས་རེ་ཞུ་དང་ལེན་བྱེད་ངེས་ཡིན། དུས་བཀག་ལྟར་རེ་ཞུའི་ཡི་གེ་སྐུར་མཁན་རྣམས་ལ་དམིགས་གསལ་ཡོད།

ཡིད་གཟབ་གནང་དགོས་དོན། ང་ཚོས་རེ་འདུན་ཞུ་མཁན་གྱིས་དེ་སྔ་བསྐྱལ་བའི་རེ་ཞུའི་རེའུ་མིག་གཞིར་བཟུང་སྟེ་དཔྱད་དཔོག་བྱ་རྒྱུ་ཡིན། རེ་འདུན་ཞུ་མཁན་གྱིས་དེ་སྔ་རེ་ཞུ་བྱས་པའི་མཇུག་འབྲས་ལ་བསམ་གཞིགས་བྱ་རྒྱུ་མིན།